བསླབ་བྱ་ཉུང་བསྡུས།

བསླབ་བྱ་ཉུང་བསྡུས།

མཁན་ཆེན་ཚུལ་ཁྲུམ་བློ་གྲོས།

༄༅། །སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ད་ལམ་རང་རེ་རྣམས་སྐྱེ་དཀའ་བ་འཛམ་གླིང་ལས་ཀྱི་ས་པར་ནི་སྐྱེས། འཕྲད་དཀའ་བ་དགེ་བའི་བཤེས་གཉེན་དང་ནི་འཕྲད། ཐོས་པར་དཀའ་བ་དམ་པའི་ཆོས་ནི་ཐོས་ན། ད་ནི་ཅིས་ཀྱང་དགེ་བ་རྣམ་པར་དག་པ་ཞིག་བསྒྲུབ་དགོས་ཏེ། འདི་ལྟ་བུའི་གོ་སྐབས་བཟང་པོ་ནི་ཆེས་ཤིན་ཏུ་འཐོབ་པར་དཀའ་བའི་ཕྱིར་ཏེ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།  །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན། དེ་ལྟ་བུའི་དལ་འབྱོར་གྱི་མི་ལུས་འདི་ཡང་འཐོབ་དཀའ་ལ་འཇིག་སླ་བ་ཡིན་ཏེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་དང༌། ཁྱད་པར་དུ་སྙིགས་དུས་ཀྱི་སེམས་ཅན་རྣམས་ཚེ་ཐུང་ནད་མང་འཆི་རྐྱེན་མང་བས་མྱུར་དུ་དམ་པའི་ཆོས་ཤིག་བསྒྲུབ་དགོས་སོ།
གལ་ཏེ་ཆོས་ཡང་དག་ཅིག་མ་འགྲུབ་ན་ཆུང་ངུའི་དུས་ནས་ད་ལྟའི་བར་དུ་སྡིག་པ་ནི་དཔག་ཏུ་མེད་པ་ངང་ངམ་ཤུགས་ཀྱིས་བསགས་ཟིན་པས་དེའི་རྣམ་སྨིན་གྱི་འབྲས་བུའི་རྗེས་སུ་འགྲོ་བ་ལས་ཐབས་གཞན་མེད་དེ། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས་པ་ལྟ་བུ་སྟེ། འཇིག་རྟེན་གྱི་ཁམས་འདི་ན་ལ་ལ་ནི་སྐྱིད་ཅིང་འབྱོར། ལ་ལ་ནི་སྡུག་ཅིང་ཕོངས། ལ་ལ་ནི་ཚེ་རིང་ཞིང་ནད་མེད། ལ་ལ་ནི་ཚེ་ཐུང་ཞིང་ནད་མང་བ་སོགས་བདེ་སྡུག་གི་སྣང་བ་མི་མཉམ་པ་སྣ་ཚོགས་པ་འདི་རྣམས་ལ་བྱེད་པ་པོ་གཞན་མེད། རྒྱུ་མེད་རྐྱེན་མེད་དུ་བྱུང་བའང་མ་ཡིན་ཏེ། ཐམས་ཅད་རང་བྱས་རང་ལ་སྨིན་པ་འབའ་ཞིག་ཡིན་ཏེ། ཇི་སྐད་དུ། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །ཞེས་གསུངས་པ་ལྟ་བུ་ཡིན་པས་ལས་རྒྱུ་འབྲས་འདི་ལ་ཤིན་ཏུ་གཟབ་དགོས་སོ། །
གལ་ཏེ་ལས་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་མི་བྱེད་ཅིང་ཐར་བའི་ལམ་མི་སྒྲུབ་ན་སླར་ཡང་སྐྱེ་བ་ལེན་དགོས། དེ་ལྟར་སྐྱེ་བ་བླངས་ཕྱིན་འཁོར་བའི་གནས་གང་རུང་ཞིག་ཏུ་སྐྱེ་བ་ལས་གཞན་དུ་འགྲོ་ས་མེད། འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལ་ཆེ་ཆུང་ཙམ་མ་གཏོགས་སྡུག་བསྔལ་མེད་པའི་གནས་ནི་གཅིག་ཀྱང་མེད་དེ། སྡུག་བསྔལ་གསུམ་གྱིས་ཁྱབ་ནས་ཡོད། བདེ་བ་དང་སྐྱིད་པ་ནི་ཤིན་ཏུ་དཀོན། དེའི་ཕྱིར་ད་ནི་འཁོར་བ་ལས་ཐར་ཐབས་ཤིག་ལ་ངེས་པར་དུ་འབད་དགོས་ཏེ། ཇི་སྐད་དུ། དེས་པ་འདོད་པས་ཕོངས་དང་འཆི་བ་དང༌། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །
དེ་གསུམ་གྱི་ནང་ནས་ཀྱང་སྡུག་བསྔལ་བཟོད་དུ་མེད་པ་དམྱལ་བ་ཡིན། དམྱལ་བའི་གནས་སུ་སྐྱེ་བར་བྱེད་པའི་རྒྱུའི་གཙོ་བོ་ནི་སྲོག་གཅོད་པ་ཡིན། སྲོག་གཅོད་པའི་རྒྱུའི་གཙོ་བོ་ནི་ཤ་བཟའ་བ་འདི་ཡིན། དེས་ན་ཤ་བཟའ་བ་འདི་ཉེས་པ་ཤིན་ཏུ་ཆེ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་ནས་མདོ་སྡེ་ལང་ཀར་གཤེགས་པ་ལས་ཚེ་འདིར་ཤ་ཟ་མཁན་རྣམས་སྐྱེ་བ་ཕྱི་མར་སྟག་དང༌། གཟིག་དང༌། སྤྱང་ཀི་སོགས་ཤ་ཟ་བའི་རིགས་སུ་སྐྱེ་བར་འགྱུར་བ་སོགས་ཉེས་པ་ཤིན་ཏུ་མང་པོ་གསུངས། དུས་འཁོར་དང་རྫོགས་ཆེན་སོགས་ནས་ཀྱང་ཉེས་པ་ཆེན་པོར་གསུངས། དེ་ལྟར་གལ་ཏེ་སྐྱེ་བ་ཕྱི་མར་ཤ་ཟ་བའི་རིགས་སུ་སྐྱེས་པར་གྱུར་ན། དེའི་ཚེ་སེམས་ཅན་དཔག་ཏུ་མེད་པ་ཞིག་གི་སྲོག་གཅོད་པར་བྱེད་དེ། སྲོག་ཆགས་ཆེན་པོ་འགའ་རེས་ཞག་རེ་ལ་སྲོག་ཆགས་ཆུང་ངུ་འབུམ་ཕྲག་ལྔ་ཙམ་རེ་བསད་དེ་ཟ། གཞན་རྣམས་ཀྱིས་ཀྱང་ཉིན་རེ་བཞིན་བརྒྱ་ཕྲག་མང་པོ་སོགས་གསོད་པ་ཡིན། དེ་ནས་སྡིག་པ་དེའི་དབང་གིས་དམྱལ་བའི་གནས་སུ་ངེས་པར་དུ་འགྲོ་བར་ཐེ་ཚོམ་མེད་དེ་སྲོག་གཅོད་ཀྱི་ཉེས་པ་ནི་དེ་ཙམ་ཞིག་བསགས། འགྱོད་བཤགས་སྐད་ཅིག་གཅིག་བྱས་པ་དང༌། དགེ་བ་སྣ་གཅིག་བསྒྲུབས་པ་ནི་མེད་པའི་ཕྱིར་རོ། །
སྤྱོད་འཇུག་ལས། དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་མི་རྣམས་ཀྱིས་སེམས་ཅན་ཆེས་ཤིན་ཏུ་མང་པོ་ཞིག་ཤ་བཟའ་བའི་ཕྱིར་དུ་གསོད་པར་བྱེད་དེ། སེམས་ཅན་དེ་རྣམས་རེ་རེ་བཞིན་རང་རང་གི་སྲོག་དེ་ཇི་འདྲའི་གཅེས་ཤིང་ཕངས། འཆི་བའི་ཚེ་ན་ལུས་དང་སེམས་ལ་ཇི་འདྲའི་སྡུག་བསྔལ་ཆེན་པོ་མེད་དེ། དེས་ན་རང་ཅག་གི་ལྕེས་རོ་ཞིམ་པོ་ཞིག་མྱང་བ་ཙམ་གྱི་ཕྱིར་དུ་དེ་ལྟར་བྱེད་པ་ནི་ཆེས་མི་རིགས་པས་སེམས་ཅན་གསོད་པ་དང་ཤ་བཟའ་བ་འདི་གཉིས་ཅིས་ཀྱང་སྤང་དགོས། དེ་ཡང་རབ་ན་ཚེ་གཅིག་ལ་ཤ་གཏན་ནས་མི་ཟ་བ་དང༌། འབྲིང་ན་ལོ་ཅི་རིགས་པའི་བར་དུ་དང༌། ཐ་ནའང་འོག་ནས་འཆད་པའི་དུས་ཆེན་རྣམས་ཀྱི་ཚེ་སོགས་སུ་ཤ་མི་བཟའ་བའི་དམ་བཅའ་བྱས་ནས་ཡང་དག་པར་བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་བས་ཀུན་གྱིས་ཐུགས་ལ་འཇོག་པར་ཞུ།
དེ་ཡང་ལོ་གཅིག་གི་དུས་ཆེན་ཁྱད་པར་བ་བཞི་ནི། དཔྱིད་ཟླ་ར་བའམ་ཧོར་ཟླ་དང་པོའི་ཡར་ངོ་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན་དང༌། དབྱར་ཟླ་ར་བའམ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་མངོན་པར་སངས་རྒྱས་པའི་དུས་ཆེན་དང་ཡིན། གཞན་ཡང་ཟླ་བ་འདི་ནི་ལྷུམས་སུ་ཞུགས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་ཡང་ཡིན་པས་དུས་ཆེན་སུམ་འཛོམས་ཡིན། དབྱར་ཟླ་ཐ་ཆུང་ངམ་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཆོས་འཁོར་བསྐོར་བའི་དུས་ཆེན་དང༌། སྟོན་ཟླ་ཐ་ཆུང་ངམ་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ལྷ་ལས་བབས་པའི་དུས་ཆེན་ཡིན་ནོ། །དུས་ཆེན་འདི་རྣམས་ལའང་ངོ་འཛིན་ལུགས་མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་ཁུངས་ཐུབ་ཀྱི་རང་ལུགས་འདི་ལྟར་དུ་ཡིན། དེས་ན་སྤྱིར་དུས་ཆེན་ཐམས་ཅད་ལ་དགེ་བ་གང་བྱས་ཕན་ཡོན་ཆེ་ཞིང་ཁྱད་པར་དུ་དུས་ཆེན་བཞི་ལ་ཁ་དོན་དགེ་སྦྱོར། རྟེན་ལ་ཕྱག་མཆོད། དགེ་འདུན་ལ་བསྙེན་བཀུར༌། སྡོམ་པ་སྲུང་བ། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་བར་མདོ་ལས་གསུངས། དེ་ལྟ་ན་མ་ཎི་ལྡོག་པོ་གཅིག་བཏོན་ན་དུང་ཕྱིར་བཅུ་ཐམ་པ་བཏོན་པའི་ཕན་ཡོན་ཡོད་པ་ཡིན། དགེ་བ་གཞན་ཐམས་ཅད་ལའང་དེས་མཚོན་ནས་ཤེས་དགོས། དེས་ན་གོ་སྐབས་བཟང་པོ་འདི་དག་བཏང་སྙོམས་སུ་མི་གཞག་པར་འདི་རྣམས་ཀྱི་དུས་སུ་ཤ་བཟའ་བ་སྤང་བ་དང་སྲོག་གཅོད་པ་སྤངས་ནས་སྲོག་བླུ་བ་སོགས་དགེ་སྦྱོར་ཅི་ནུས་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པར་ཤེས་པར་བྱའོ། ། ཞེས་སྤྲུལ་སྐུ་མདོ་སྔགས་ཀྱི་ཐུགས་བཞེད་བཞིན་དུ་ཁྱིམ་པ་ཕོ་མོ་རྣམས་ལ་གོ་བརྡ་སྤྲོད་བྱེད་ཀྱི་ས་བོན་ཙམ་དུ་བོད་རབ་རྒྱན་ཆུ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་དགུ་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྨྲས་པ་འདིས་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག

No comments:

Post a Comment