བྱ་བྲལ་རིན་པོ་ཆེས་ཚེ་ཐར་ཕན་ཡོན།


ཚེ་ཐར་ཕན་ཡོན་བཞུགས་སོ།

མཛད་པ་པོ་བྱ་བྲལ་སངས་རྒྱས་རྡོ་རྗེ།

༄༅། །བླ་མ་སངས་རྒྱས་ཚེ་དཔག་མེད། །བྱང་སེམས་སློབ་མར་བཅས་ལ་འདུད། །སྲོག་བསླུ་ཚེ་ཐར་བཏང་བ་ཡི། །ཕན་ཡོན་མདོར་བསྡུས་བཤད་པར་བྱ། །ཐུབ་པའི་རྗེས་འཇུག་ཐམས་ཅད་ཀྱིས། །བསམ་དང་སྦྱོར་བ་རྣམ་དག་གིས། །ལག་ཏུ་ལེན་བྱ་མ་ནོར་བ། །ཚེ་ཐར་གཏོང་དང་སྲོག་བསླུ་ཡིན། །མདོ་རྒྱུད་བསྟན་བཅོས་མང་པོ་ནས། །འདི་ཡི་ཕན་ཡོན་རྒྱ་ཆེར་གསུངས། །རྒྱ་བོད་མཁས་གྲུབ་རྒྱ་མཚོ་ཡིས། །འགྲོ་དོན་ཐུགས་གཙིགས་ཆེ་བར་མཛད། །ཐེག་དམན་པ་ཡང་གཞན་གནོད་སྤོང༌། །ཐེག་ཆེན་བྱང་སེམས་འཇུག་པ་ཡི། །བསླབ་བྱ་ཉིད་དང་གསང་སྔགས་ཀྱི། །རིན་ཆེན་རིགས་ཀྱི་དམ་ཚིག་གཙོ། །དེ་ཡི་རྒྱུ་མཚན་འཇིག་རྟེན་ན། །སྲོག་ལས་གཅེས་པ་འགའ་མེད་པས། །སྲོག་གཅོད་གོང་ན་སྡིག་གཞན་མེད། །དེ་ཕྱིར་ཚེ་ཐར་སྲོག་བསླུ་ལས། །ཕན་ཡོན་ཆེ་བ་འདུས་བྱས་ཀྱི། །དགེ་བའི་རྩ་བ་གཞན་ཡོད་མིན། །འདི་ཕྱིར་བདེ་ལེགས་འབྱུང་འདོད་ན། །ལམ་མཆོག་འདི་ལ་བརྩོན་པར་བྱ། །ལུང་རིགས་ཚད་མས་གྲུབ་པ་དང༌། །གེགས་དང་གོལ་ས་མེད་པའི་ལམ། །རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་འཚེ་བ་སྤོང་འདི་ཡིན། །བྱ་ཉ་རི་དྭགས་གཡུང་དྭགས་དང༌། །འབུ་སྦྲང་ཡན་གྱི་སྲོག་ཆགས་རྣམས། །སྲོག་མི་གཅོད་ཅིང་ཚེ་ཐར་བཏང༌། །མི་འཇིགས་སྐྱབས་སྦྱིན་ལ་བརྩོན་བྱ། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །ཚེ་སྒྲུབ་མཆོག་ཏུ་འདི་འགྱུར་ཞིང༌། །གསོན་རིམ་གཤིན་དགེར་འདི་ལྷག་མེད། །ང་ཡི་འགྲོ་དོན་རྩ་བ་ཡིན། །འགལ་རྐྱེན་ཕྱི་ནང་བར་ཆད་སེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ། །སེམས་བསྐྱེད་བཟང་པོས་ཟིན་པ་དང༌། །བསྔོ་སྨོན་དག་པས་མཚམས་སྦྱར་ན། །རྫོགས་སངས་རྒྱས་ལ་རེག་འགྱུར་ཞིང༌། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །འདི་ལ་ཐེ་ཚོམ་བྱ་མི་དགོས། །བསོད་ནམས་དགེ་སེམས་ལྡན་པ་རྣམས། །རི་རྒྱ་ཀླུང་རྒྱ་བསྡམས་པར་བྱ། །ཁྱད་པར་བྱ་ལོང་ཁྲུང་ཁྲུང་ཁྱུ། །ལས་ཀྱིས་བསྐོས་པས་སྟོན་དཔྱིད་དུས། །ལྷོ་བྱང་འཕུར་བསྐྱོད་བྱེད་པ་ན། །གཤོག་རྩལ་ངལ་དུབ་ཆེ་བ་དང༌། །མཁའ་ལམ་སྟོར་ནས་སྐབས་འགའ་ལ། །ས་ལ་བབ་དགོས་བྱུང་བ་རྣམས། །མྱ་ངན་འཇིགས་སྐྲག་བག་མི་ཕེབས། །དེ་འདྲར་རྡོ་དང་མཚོན་བརྡེག་དང༌། །གསོད་གཅོད་གནོད་འཚེ་མི་བྱ་བར། །སྲོག་བསྐྱབ་བདེ་བར་འཕུར་དུ་གཞུག །མགོན་མེད་ཉམ་ཐག་སེམས་ཅན་ལ། །བྱམས་བརྩེས་ཕན་གཏགས་གང་ཡིན་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམས་དང་བསོད་ནམས་མཉམ་མོ་ཞེས། །དཔལ་ལྡན་ཇོ་བོ་རྗེ་དེས་གསུངས། །བླ་དཔོན་སེར་སྐྱ་ཕོ་མོ་རྣམས། །རང་ལ་དབང་བའི་ཡུལ་ལུང་དུ། །ནུས་དང་བསྟུན་ནས་སྲོག་བསླུ་དང༌། །ཚེ་ཐར་ལས་ལ་ཅི་ནུས་འབད། །གཞན་ལའང་གཞེན་བསྐུལ་འདེབས་པར་བྱ། །དེ་ལྟར་མཛད་ན་ཡུལ་ཁམས་སུ། །མི་ཕྱུགས་ནད་ཡམས་གོད་ཁ་ཞི། །ལོ་ལེགས་སྐྱ་རྒྱས་ཚེ་རིང་ཞིང༌། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང༌། །འཆི་ཁར་གནད་གཅོད་འཁྲུལ་སྣང་བྲལ། །ཕྱི་མར་བདེ་འགྲོའི་རྟེན་བཟང་ཐོབ། །མཐར་གྱིས་རྫོགས་བྱང་གོ་འཕང་མཆོག །བདེ་བླག་ཐོབ་འགྱུར་གདོན་མི་ཟ། །འདི་ནས་ཨེམ་ཆི་རྡོར་གྲགས་ཀྱིས། །ལྷ་རེག་དྲི་བྲལ་ནཻ་སྒོར་བརྒྱ། །ཕུལ་ནས་གསོལ་བ་བཏབ་པའི་ངོར། །བྱ་བྲལ་སངས་རྒྱས་རྡོ་རྗེ་ཞེས། །སྲོག་བསླུའི་ལས་ལ་རྟག་འབུངས་དེས། །གང་དྲན་ཡི་གེར་བྲིས་ཏེ་ཕུལ། །དགེ་བས་བྱང་ཆུབ་སྤྱོད་པ་ལ། །སེམས་ཅན་ཐམས་ཅད་འཇུག་པར་ཤོག །མ་མ་ཀོ་ལིང་ས་མནྟ།། །།

No comments:

Post a Comment